Skip to content
Search
Master of Education in Dzongkha Studies
ལས་རིམ་གྱི་དམིགས་ཡུལ།
དང་པ། རྫོང་ཁའི་ཐོག་ལས་ ཆོས་ཚན་ག་ཅི་ར་སློབ་སྟོན་འབད་དགོཔ་ཐོན་རུང་ ཞིབ་འཚོལ་གྱི་ལཱ་ལུ་གཞི་བཅོལ་ཏེ་ ཕན་ཐོགས་ ཡོད་མེད་ཀྱི་དབྱེ་བ་དང་ བརྟག་དཔྱད་ཚུ་ ཁོང་ར་གིས་ཞིབ་ཞིབ་སྦེ་ འབད་ཚུགས་ནི།
གཉིས་པ། གཙུག་ལག་མཐོ་རིམ་རྫོང་ཁའི་ཤེས་ཡོན་སློབ་སྦྱོང་ནང་ལུ་ རང་ལུགས་དང་རིག་གསར་གྱི་སློབ་སྟོན་ཐབས་ཤེས་ཚུ་ རྒྱས་ཤིང་རྒྱསཔ་འབད་སློབ་སྟོན་འབད་ནི་ཡོདཔ་ལས་ སློབ་སྟོན་དང་འབྲེལ་བའི་ལཱ་གི་རིགས་དང་དབྱེ་ཞིབ་འབད་ཐངས་ ཞིབ་འཚོལ་འབད་ཐངས་ཚུ་ གཙུག་ལག་གཞི་རིམ་བར་མ་དང་ གོང་མ་ལས་ལྷག་པའི་ཤེས་ཡོན་དང་རིག་རྩལ་གྱི་ཉམས་མྱོང་ཚུ་ཐོབ་སྟེ་ སློབ་གྲྭ་ནང་ སློབ་ཕྲུག་གི་ཤེས་ཡོན་གྱི་སྤུས་ཚད་དང་ ལྕོགས་གྲུབ་ཚུ་ཡར་རྒྱས་གཏང་ཚུགས་ནི།
གསུམ་པ། སྐད་ཡིག་གི་འབྱུང་ཁུངས་ལས་འགོ་བཙུགས་ཏེ་ རྒྱལ་ཁབ་དང་ ལུང་ཕྱོགས་སོ་སོའི་ཁ་སྐད་ཀྱི་འགྱུར་བ་ཚུ་ཞིབ་འཚོལ་འབད་དེ་ རྒྱལ་ཁབ་ཀྱི་སྲོག་ཤིང་ རྫོང་ཁའི་སྐད་ཡིག་འདི་མི་ཉམས་གོང་འཕེལ་གཏང་ནི་དང་ ཉམས་པ་སོར་ཆུད་འབད་ནིའི་ ཐབས་ཤེས་ཚུ་སྟོན་ཚུགས་ནིའི་དོན་ལུ་ཨིན།
ལས་དོན།
རྫོང་ཁའི་སྐད་ཡིག་གི་ཁྱད་པར་དང་ འབྱུང་ཁུངས་ཚུ་ ག་དེ་སྦེ་ཨིན་ན་ ཁ་གསལ་འབད་ཞིབ་འཚོལ་གྱི་ཐོག་ལས་ར་ཁུངས་སྦྲགས་ཏེ་ བཤད་པ་རྐྱབ་ཚུགས་ནི།
རྫོང་ཁའི་སྐད་ཡིག་ཟེར་མི་འདི་ ཕར་ཚུར་བརྡ་དོན་རྒྱུན་འབྲེལ་འཐབ་ཚུགསཔ་རྐྱངམ་ཅིག་གི་དོན་ལས་ ལག་ལེན་ འཐབ་མེན་པར་ ཕྱིའི་བྱ་སྤྱོད་དང་ནང་གི་མནོ་ལུགས་ཚུ་ཡང་ རྫོང་ཁའི་སྐད་ཡིག་འདི་ལུ་བརྟེན་ཏེ་ ལེགས་ཤོམ་ འབད་བདག་འཛིན་འཐབ་ཚུགསཔ་ཨིན་པའི་སྐོར་ལས་ ཞིབ་འཚོལ་གྱི་གྲུབ་འབྲས་ལུ་བརྟེན་ གཞན་ལུ་གོ་བརྡ་ སྤེལ་ཚུགས་ནི།
ཞིབ་འཚོལ་ཟེར་མི་འདི་ ག་དེམ་ཅིག་ལུ་ཧ་གོ་དགོཔ་ཨིན་ན་དང་ ཞིབ་འཚོལ་འབད་ཐངས་ཀྱི་ཐབས་ཤེས་ མ་ འདྲཝ་ཡོད་མི་ཚུ་ངོས་འཛིན་འབད་དེ་ ལག་ལེན་དངོས་འཐབ་འབད་ཚུགས་ནི།
ཞིབ་འཚོལ་གྱི་གྲོས་འཆར་འབྲི་ནི་དང་ མཁོ་ཆས་བཅའ་སྒྲིག་རྐྱབ་ཐངས་ གྲུབ་འབྲས་གསལ་བཏོན་འབད་ཐངས་ཚུ་ ཞིབ་འཚོལ་གྱི་ལམ་ལུགས་ལས་མ་འགལཝ་འབད་ ལག་ལེན་འཐབ་ཚུགས་ནི།
ཐབས་ཤེས་ཀྱི་དབྱེ་བ་ལེ་ཤ་ཡོད་མི་ཚུ་ལས་ སྦྱོང་ཚན་གྱི་དོན་ཚན་དང་འཁྲིལ་ཏེ་ འབྲེལ་བ་ཡོད་པའི་ཐབས་ཤེས་འདི་ དབྱེ་དཔྱད་ཀྱི་ཐོག་ལས་ གདམ་ཁ་རྐྱབ་སྟེ་ ལག་ལེན་འཐབ་ཚུགས་ནི།
རིག་རྩལ་བཞི་དང་འབྲེལ་བ་ཡོདཔ་འབད་ སྦྱོང་ལཱ་བཅའ་སྒྲིག་རྐྱབ་ནི་ལུ་ ཁྱད་འཕགས་ཅན་ཅིག་ལུ་འགྱུར་ཏེ་ སློབ་ དཔོན་གཞན་ཚུ་ལུ་ ལམ་སྟོན་འབད་ཚུགས་ནི།
རྫོང་ཁའི་ཡི་གུ་འབྲི་ནི་དང་ ལྷག་ནི་གཉིས་ལུ་ རྗོད་སྒྲའི་ཁྱད་པར་ཡོད་དགོ་པའི་ཁུངས་དང་དགོས་པ་ཚུ་ གཞན་གྱིས་ ཡིད་ཆེས་བསྐྱེད་ཚུགསཔ་འབད་ བཤད་པ་རྐྱབ་ཚུགས་ནི།
འཛམ་གླིང་རྒྱལ་སྤྱི་དང་ འབྲུག་རྒྱལ་ཁབ་ཀྱི་ལུང་ཕྱོགས་སོ་སོའི་ངག་གཤིས་ལུ་བརྟེན་ རྫོང་ཁའི་རྗོད་སྒྲ་ཚུ་ ཟུར་ ཉམས་ཏེ་འགྱོ་མི་འདི་ ཞིབ་འཚོལ་གྱི་ཐོག་ལས་ ངོས་འཛིན་འབད་དེ་ རྒྱལ་ཡོངས་ཀྱི་གནས་ཚད་ལུ་ གྲོས་འཆར་ བཀོད་ཚུགས་ནི།
ཤེས་ཡོན་འབྲི་རྩལ་འདི་ ལྷབ་དགོ་པའི་ཁུངས་དང་དགོས་པ་ཚུ་ ཁ་གསལ་འབད་ཧ་གོ་སྟེ་ རང་གིས་འབྲི་དགོ་རུང་ ནོར་འཁྲུལ་མེད་པར་ འབྲི་ཤེསཔ་ཅིག་དང་ གཞན་ལུ་སློབ་སྟོན་འབད་དགོ་རུང་ ལྷག་ཆད་ཀྱི་སྐྱོན་མེདཔ་འབད་ སློབ་སྟོན་འབད་ཚུགས་ནི།
རྩོམ་བྲིས་ཀྱི་ལཱ་ ག་ཅི་ར་འབད་རུང་ དཔེ་དེབ/ཡིག་ཆའི་ནང་ན་ ལུང་འདྲེན་འབད་ཐངས་དང་ མཇུག་ལུ་རྒྱབ་རྟེན་ གྱི་དཔེ་ཐོ་བཀོད་ཐངས་ཚུ་ ལམ་ལུགས་དང་འཁྲིལ་ཏེ་ ལག་ལེན་འཐབ་ཚུགས་ནི།